མཐོ་སྒང་གི་ཁྱི་འཁྱམས།

 

ཏི་སེའི་བུ།

 

ཉིན་ཟུག་མཚན་ཟུག་གི་འབ་སྒྲ་གཟན་པོས།།

རྣ་བའི་གསང་སྦུག་ལ་ཟུག་ངུ་སྟེར་ཞིང་།།

ཁོར་ར་ཁོར་ཡུག་གི་ལྷིང་འཇག་དཀྲོག་པའི།།

ཁྱི་རྐུན་འཁྱམས་པོ་འདི་མེད་ས་མི་འདུག།།

ཁྱི་ཐང་རེ་རེ་ཡིས་ཟུག་སྐད་འབྱིན་ཚེ།།

ཁྱི་ཡན་འཁྱམས་པོ་རྣམས་སྣང་བ་འུར་ནས།།

གཅིག་འགྲོགས་གཉིས་འགྲོགས་ཀྱི་ཨ་གསར་ཚ་བོས།།

ལ་རྒྱུག་ལུང་རྒྱུག་གི་སྟོང་འཁྱམས་བརྒྱབ་སོང་།།

རྒྱུ་མེད་སྤྲང་པོ་ཡི་སྤྲང་ཉམས་མཐོང་དུས།།

གཡས་འཇུ་གཡོན་འཐེན་གྱི་ཁྱི་རུབ་བུང་བུང་།།

རྒྱུ་ཡོད་ཕྱུག་པོ་ཡི་ཕྱུག་ཉམས་མཐོང་དུས།།

ཁ་ལྡག་སྣ་ལྡག་གི་འདྲིས་ཡོག་ལིང་ལིང་།།

ཚར་ས་ལང་ས་ནི་རྒྱ་གྲོང་སྲང་ལམ།།

རྒྱུག་ས་འགྲོག་ས་ནི་རི་ཐང་བར་གསུམ།།

བསྡད་ས་ཉལ་ས་ནི་མི་གཙང་གླིང་ཁྲོད།།

རེ་ས་ལྟོས་ས་ནི་ཟོས་འཕྲོ་འཐུང་ལྷག།

ཁྱི་ལུས་བླངས་པ་ནི་འདྲ་འདྲ་ཡིན་ཡང་།།

ཁྱི་ལྟོ་ཁམས་གང་གི་གསོལ་རས་དཀོན་ལ།།

ཁྱི་རྔ་སྒོ་བཙིར་གྱི་བརྙས་བཅོས་མང་བའི།།

ཁྱི་རྐུན་འཁྱམས་པོ་ནི་ཁྱི་ཡི་ཐ་མ།།

རྒྱ་སྒོ་དོད་ཚད་ཀྱི་སྒོ་འགྲམ་ཉུལ་ནས།།

རུས་དུམ་ཆུང་ཆུང་གི་ཐོབ་ཤོར་ཆེད་དུ།།

ཞེ་སེམས་འགྲས་འགྲས་ལ་ཁྱི་འཛིང་གཏུག་བཞིན།།

འཕྲོག་རེས་རྨུག་རེས་ཀྱིས་འཚོ་བ་སྐྱེལ་དགོས།།

ཡོས་བུའི་ཟླ་ངོ་[1]རུ་བརྩེ་བའི་ཤེ་སྦྱོར།།

ལུག་གི་ཟླ་བ་ལ་ཁྱི་མ་ཚང་རོ།།

བྲང་འོག་ཁྱི་ཕྲུག་གིས་ལུས་ཟུངས་འཇིབས་རྗེས།།

ཉམ་ཐག་ནུས་ཟད་ཀྱི་ཀེང་རུས་གཟུགས་བརྙན།།

གར་གླང་འབྲོང་གཡག་ལས་གཏུམ་དྲག་ཆེ་བའི།།

རྩལ་ཆེན་སེང་གེ་ཡི་ཚ་བོར་གྲགས་ཀྱང་།།

ཁ་ལྕེ་སུ་ཚ་ཡིས་སྐད་སྡིག་བྱེད་ས།།

ལག་རྩལ་སུ་ཆེ་ཡིས་རྡོ་རྡུང་བྱེད་ས།།

སྡེར་མོ་ཟད་ཟད་བར་ལ་ལུང་འགྲིམས་ཤིང་།།

འགྲམ་རུས་འཐོར་འཐོར་ལ་རུས་གོང་མུར་ནས།།

ཉིན་མཚན་ལྟོས་མེད་དུ་འབ་ཟུག་བྱས་ཀྱང་།།

ཡ་ལན་སྟེར་མཁན་ནི་སུ་ཞིག་མེད་དོ།།

བགྲེས་གཏམ་ཐོག་ཏུ་བཀོད་ཟིན།

ཚོར་བའི་འཕར་མཆོང་།

ཕྱི་ཀོག་ཕྱི་རུ་དོར་བའི་ཤུལ།།

ནང་སྙིང་གསོན་པོ་འཕར་ཞིང་ལྡིང་།།
འཕར་ཚད་མྱུར་བའི་རྡིག་སྒྲ་དེས།།
འཛམ་གླིང་ཡོངས་ཀྱི་སེམས་རྩ་བསྒུལ།། མུ་མཐུད་ཀློག

ངེས་འབྱུང་གི་རང་སྒྲ།

དོན་གྱི་ནས་འབྲུ་རྡོག་གཅིག་མེད་ན་ཡང་།།

ཚིག་གི་སྦུ་ཤུན་མྱངས་པའི་དྲེགས་པ་ཡིས།།
ཕྲེང་ཐག་གཅོད་བཞིན་ང་རོ་སྒྲོགས་པ་ལས།།
སེམས་རྒྱུད་ཉམས་ལེན་འདྲེས་ཐབས་དགོས་ཚོད་གདའ།།

ཤི་མ་གསོན་གྱི་སྡར་སྐད།

ས་ཆེན་པོ་ལ་གཟའ་གྲིབ་ཕོག་ནས།

གཉའ་རྒྱུས་འཐེན་སོང་། སྒྱིད་པ་ཧྲེང་སོང་།
མགོ་འདར་བསིག་སོང་། སྐད་གོག་ཤོར་སོང་།
འཇིག་རུང་གི་གཡོ་འགུལ་ཁྲོད་ནས་གཅེས་པའི་ཚེ་སྲོག་དང་། མུ་མཐུད་ཀློག

ལོ་རྒྱུས་ཀྱི་སྲོག་སྐྱོབས་པ།

ཕ་ས་གངས་རི་དཀར་པོའི་འགྱིང་ངོས་སུ།།

སྐྱིད་སྡུག་འཚོ་བའི་འོ་ཁྲག་འདྲེས་པ་ཡི།།
གངས་ཅན་གདོང་དམར་ཚང་གི་ལས་དབང་ལ།།
བསམ་ཞིང་བསམ་ན་སྙིང་ཆུ་མི་འཁྲུགས་སུ།། མུ་མཐུད་ཀློག

སྙན་ངག་གི་གཏམ་རྒྱུད།

ཞི་བའི་གྲིབ་བསིལ་བསྟེན་པའི་གླིང་ཁ་རུ།།

གཡུང་དྲུང་སེམས་ཀྱི་བདུད་རྩི་མྱོང་བ་ཡི།།
སྣང་བ་དཔེ་རུ་ཤར་བའི་རྣལ་འབྱོར་བས།།
སྙན་ངག་མགུར་དབྱངས་འཐེན་པའི་གཏམ་རྒྱུད་ཡོད།། མུ་མཐུད་ཀློག

གཏོ་དབྱངས་ཁུ་བྱུག་གཤོག་འགྱུར།

མཐོ་སྒང་ཧི་མ་ལ་ཡི་གངས་སུལ་དུ།།

རིང་ནས་འཚོ་སྡོད་བྱེད་པའི་མི་རིགས་ཁྲོད།།
སྐྱིད་སྡུག་འཚོ་བའི་གསེང་ལ་ཐིམས་ཟིན་པའི།།
གཏོ་ཆོག་འདི་དག་དར་ནས་ནུབ་མྱོང་མེད།། མུ་མཐུད་ཀློག