གཏོ་དབྱངས་ཁུ་བྱུག་གཤོག་འགྱུར།

མཐོ་སྒང་ཧི་མ་ལ་ཡི་གངས་སུལ་དུ།།

རིང་ནས་འཚོ་སྡོད་བྱེད་པའི་མི་རིགས་ཁྲོད།།
སྐྱིད་སྡུག་འཚོ་བའི་གསེང་ལ་ཐིམས་ཟིན་པའི།།
གཏོ་ཆོག་འདི་དག་དར་ནས་ནུབ་མྱོང་མེད།།

གཤེན་རབ་མི་བོ་གཏོ་ཡི་སྲོལ་འབྱེད་ཡིན།།
གཏོ་བུ་འབུམ་སངས་གཏོ་ཡི་གཉེར་དཔོན་ཡིན།།
ཀོང་རྩེ་འཕྲུལ་རྒྱལ་གཏོ་ཡི་གསལ་བྱེད་ཡིན།།
འདི་གསུམ་དཔུང་གིས་གཏོ་རྒྱུད་ཆུ་བོ་འབྲུག།

གཟུར་གནས་ཞིབ་དཔྱད་རིག་པའི་ཐབས་ལམ་གྱིས།།
བོད་ཀྱི་ཡིག་ཚང་བསྔོགས་པའི་བརྒྱུད་རིམ་ཁྲོད།།
གཏོ་རྙིང་དག་གི་རིན་ཐང་མཐོང་བའི་ཚེ།།
གཏོ་རྒྱུད་རྣམས་ལ་གདེངས་འཇོག་མཐོ་བཞིན་ཡོད།།
ཞིབ་འཇུག་མཁས་པའི་གསེར་ཁྲིར་རྔམ་པ་ཚོ།།
གདོད་མའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་།།
སྐྱིད་སྡུག་འཚོ་བའི་གཏིང་རིམ་ཉུལ་འདོད་ན།།
བོན་གྱི་གཏོ་རྒྱུད་རྣམས་ལ་ལྟ་རྟོགས་གྱིས།།

གཏོ་འདི་གཤེན་རབ་ལྷ་ཡི་བཀའ་ཡིན་པས།།
གཤེན་གྱི་བྱིན་རླབས་ཞལ་ངད་འདུས་ནས་ཡོད།།
གཏོ་བཅོས་སྨྲང་གིས་བརྔན་པའི་ཐབས་ཡིན་པས།།
སྨྲང་རབས་ལོ་རྒྱུས་སྟོང་གི་གནད་མིག་ཡོད།།

ཤ་མར་རྩམ་པའི་རོ་དྲི་འཐུལ་བ་ཡི།།
བོད་རྩོམ་ཟེར་བ་གཞན་ནས་འཚོལ་མི་དགོས།།
གཏོ་ཡི་ཕྱག་དཔེ་མང་པོ་ཞལ་ཕྱོས་དང་།།
ངག་གཤིས་རྣལ་མའི་བོད་རྩོམ་གང་ནས་ཡོད།།

བྱ་རྒྱལ་རྒོད་པོའི་ཕོད་ལྡེམ་གཙུག་ཏུ་བརྒྱན།།
སྟག་སླག་གུང་གི་ཐུལ་པ་སྐུ་ལ་གསོལ།།
རྔ་འགྲམ་གཤང་ཆེན་སིང་སིང་འཁྲོལ་བཞིན་དུ།།
གཏོ་གཤེན་རྣམ་པས་སྣང་སྲིད་ཁ་ཡོ་སྙོམས།།

ཕྱོགས་ཀྱི་མཐུ་ཆེན་བོན་པོ་གདན་དྲངས་ཏེ།།
མགོ་ཡི་ཞྭ་ཕུད་མཐུ་ཆེན་བོན་ལ་ཕུལ།།
ལུས་ཀྱི་གོས་ཕུད་མཐུ་ཆེན་བོན་ལ་ཕུལ།།
དེ་ནས་གཏོ་བཅོས་ཞུས་པའི་གཏམ་རྒྱུད་ཡོད།

མི་གཏོ་པ་ལ་གཏོ་བཅོས་བྱེད་སྲོལ་མེད།།
མི་དཔྱད་པ་ལ་སྨན་དཔྱད་བྱེད་སྲོལ་མེད།།
གདོན་ལ་བགེགས་སྐྲོད་ནད་ལ་སྨན་དཔྱད་གཉིས།།
གང་ལ་གང་དགོས་འབྱེད་པའི་བརྟགས་གཞི་ཡོད།།

གཏོ་ནི་ལྟོ་ཡི་ཆེད་དུ་གསུངས་པ་མིན།།
འོན་ཀྱང་ལྟོ་ཡི་ཆེད་དུ་སྤྱོད་མཁན་སྲིད།།
དཔྱད་ནི་རྒྱུ་ཡི་ཆེད་དུ་གསུངས་པ་མིན།།
འོན་ཀྱང་རྒྱུ་ཡི་ཆེད་དུ་སྤྱོད་མཁན་སྲིད།།

ཉམས་ལེན་པ་དང་ཆེ་བར་རློམས་མཁན་དག།
གཏོ་ཆོག་འདི་དག་ཉོབ་གྲལ་མ་གཡུག་ཅིག།
གཏོ་མཁན་འདི་དག་ཁྱི་གྲལ་མ་འཇོག་ཅིག།
འགྲོ་ལ་ཕན་ན་འགྲོ་དོན་དེ་ཀ་ཡིན།།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s