ལོ་རྒྱུས་ཀྱི་སྲོག་སྐྱོབས་པ།

ཕ་ས་གངས་རི་དཀར་པོའི་འགྱིང་ངོས་སུ།།

སྐྱིད་སྡུག་འཚོ་བའི་འོ་ཁྲག་འདྲེས་པ་ཡི།།
གངས་ཅན་གདོང་དམར་ཚང་གི་ལས་དབང་ལ།།
བསམ་ཞིང་བསམ་ན་སྙིང་ཆུ་མི་འཁྲུགས་སུ།།

བོད་ཀྱི་ཤེས་རིག་མཐོང་ཆེན་གྱུར་རོ་ཅོག།
ཡང་ན་རྒྱ་གར་ཡང་ན་རྒྱ་ནག་གཏུག།
བོད་ལ་གཅིག་མེད་གཉིས་མེད་ཁས་ལེན་པའི།།
བོད་རིགས་འདི་དག་མཐོང་དུས་སྐྱུག་རེ་བྲོ།།

གངས་རིའི་ལོ་རྒྱུས་རྣལ་མའི་སྒལ་སྟེང་ལ།།
འཁྱོག་བརྗོད་སྟ་རེ་ཕྱར་མཁན་མང་ན་ཡང་།།
བདེན་པའི་ལོ་རྒྱུས་སྲོག་སྐྱོབས་གནང་མཛད་པའི།།
དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་རྒྱལ།།
ལོ་རྒྱུས་པད་མ་ར་གའི་ལྡེ་མིག་ལ།།
སྔ་རབས་བྱུང་བ་ཕྱི་གསལ་ནང་གསལ་བྲིས།།
སྙན་ངག་བྱུང་ཚུལ་བརྗོད་པའི་དེབ་ཐེར་ལ།།
བོད་རྩོམ་དྭངས་མའི་གཤིས་ལུགས་རྩལ་དུ་བཏོན།།

ཁྱད་པར་གསོ་བ་རིག་པའི་གཞུང་རྣམས་ལ།།
བཤད་སྦྱོང་ལག་ལེན་མྱོང་བ་ཐོན་པ་ཡི།།
“ངོས་འཛིན་རྟགས་ཀྱི་རྣམ་བཤད་ལས་སོགས་པའི།།
གསུང་རྩོམ་འབོར་ཆེན་འཇིག་རྟེན་ཁམས་སུ་བཞག།

སྤྱི་ཚོགས་ཕན་བདེ་བསྒྲུབས་པའི་ངོ་སོ་དང་།།
ཤེས་བྱ་རིག་པའི་རྩལ་འཕང་ཞན་ན་ཡང་།།
སྣང་གཡེར་ཅན་ཚོས་གྲུབ་མཐའི་ཞེན་འགོག་གིས།
འཁྱོག་བརྗོད་ཟུར་ཟ་བྱེད་ལ་ནོང་དགོས་ཅི།།
སུ་ཞིག་འཁྲོས་དང་གང་ཞིག་ངར་ན་ཡང་།།
བདེན་པའི་རང་མདངས་ཉམས་མེད་གནས་པ་ཡི།།
ཟིལ་གནོན་མི་ཡི་སེང་གེ་ཁྱེད་ལྟ་བུ།།
ནམ་ཡང་མི་རིགས་འདི་ཡི་མཛེས་རྒྱན་ཡིན།།

མཁས་དབང་ཁྱེད་ཉིད་མཐོང་འདྲིས་མེད་ན་ཡང་།།
གསུང་རྩོམ་དག་གི་ལྗིད་ཚད་མཐོང་བའི་ཚེ།།
ཡིད་རང་གཏམ་གྱི་མེ་ཏོག་ཆུན་པོ་འདི།།
མ་བཅོས་སེམས་ཀྱི་གཏིང་ནས་འབུལ་འདོད་སྐྱེས།།

ཞེས་པ་འདི་ཉིད་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གི་མི་ཚེའི་ལོ་རྒྱུས་དང་། གསུང་རྩོམ་དག་ལ་ལྟ་ཀློག་གང་མང་མྱོང་བའི་ཡུལ་གྱར་བ་ཀུན་ཁྱབ་བམ། དྲ་མིང་དུ་ཏི་སེའི་བུ་རུ་འབོད་པ་དེས་༢༠༡༥། ༧། ༢༤ཉིན་བྲིས་ཏེ་ཕུལ།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s