སྙན་ངག་གི་གཏམ་རྒྱུད།

ཞི་བའི་གྲིབ་བསིལ་བསྟེན་པའི་གླིང་ཁ་རུ།།

གཡུང་དྲུང་སེམས་ཀྱི་བདུད་རྩི་མྱོང་བ་ཡི།།
སྣང་བ་དཔེ་རུ་ཤར་བའི་རྣལ་འབྱོར་བས།།
སྙན་ངག་མགུར་དབྱངས་འཐེན་པའི་གཏམ་རྒྱུད་ཡོད།།

དགེ་རྒན་རྐྱེན་པོ་ཞིག་གི་སྣེ་ཁྲིད་འོག།
བརྩོན་པའི་ཆུ་རྒྱུན་ཡུན་རིང་བསྲིང་པའི་མཐར།།
སྣག་སྙུག་ལང་ཚོ་རྫོགས་པའི་རྗེས་ཤུལ་དུ།།
སྙན་ངག་བཙིར་ནས་ཐོན་པའི་གཏམ་རྒྱུད་ཡོད།།

འབད་བརྒྱས་བརྩོན་པའི་ལས་ལ་མ་འགྲུས་ཀྱང།།
ལྷན་སྐྱེས་རྩ་སྒོ་ཡངས་པའི་རིགས་ཅན་ལ།།
གཤིས་ཀྱི་སེམས་ཁམས་དྭངས་མའི་འཆར་སྒོ་ནས།།
སྙན་ངག་རང་བྱུང་བརྡོལ་བའི་གཏམ་རྒྱུད་ཡོད།།

མངར་སྐྱུར་ཟས་ཀྱི་བྲོ་བ་ལྕེ་ཐོག་མྱོང་།།
འཇམ་རྩུབ་གོས་ཀྱི་ཁྱད་པར་ལུས་ལ་རེག།
སྙན་སྡུག་སྒྲ་ཡི་བྱེ་བྲག་འབྱེད་ཞོར་དུ།།
སྙན་ངག་ཐོལ་བྱུང་ཡོང་བའི་གཏམ་རྒྱུད་ཡོད།།

དཔེ་དེབ་ཁྲི་བཀླགས་ལེ་དབར་སྟོང་བགྲོད་ནས།།
འཚོ་བའི་གོམས་གཤིས་མང་པོ་མཐོང་ཐོས་བྱེད།།
སྐྱིད་སྡུག་ལྷུ་ལག་སྦྲེལ་བའི་སོ་མཚམས་སུ།།
སྙན་ངག་མྱོང་བས་ཐོན་པའི་གཏམ་རྒྱུད་ཡོད།།

ཉིན་མཚན་དབྱེར་མེད་ལྦུ་ཆང་ཁོག་ཏུ་སིབ།།
དབང་པོའི་སྒོ་ལ་ཐ་མའི་དུད་རླངས་འཁྲིག།།
དགའ་སྐྱོའི་སྨྱོ་གར་འཁྲབ་པའི་གོ་རིམ་ཁྲོད།།
སྙན་ངག་ཁྲག་གིས་བྲིས་པའི་གཏམ་རྒྱུད་ཡོད།།

ལྟད་མོ་འདྲ་མིན་སྣ་ཚོགས་མིག་གིས་ལྟ།།
བསམ་བློ་དྲུག་གསུམ་བཅོ་བརྒྱད་སེམས་ལ་སྐོར།།
ཉལ་བསམ་འགྲེ་ལོག་བརྒྱབ་པའི་སྔས་རྩ་ནས།།
སྙན་ངག་ལྷ་མོ་མཇལ་པའི་གཏམ་རྒྱུད་ཡོད།།

དགའ་བོས་ཡར་ལ་བཀྱག་པའི་སྐྱིད་སྣང་དང་།།
དགྲ་བོས་མར་ལ་མནན་པའི་སྡུག་སྣང་ཞིག།
སྣང་བའི་ཆགས་འཇིག་སྟོང་གི་འཕར་ལྡིང་ཁྲོད།།
སྙན་ངག་བོགས་འདོན་ཡོང་བའི་གཏམ་རྒྱུད་ཡོད།།

གཞན་རྩོམ་བརྐུ་བཤུ་བྱང་བའི་ཟོབ་པོ་འགས།།
རང་རྩོམ་ཡིན་པར་བསྒྲགས་པའི་མཇུག་ཐོག་ཏུ།།
རྫུན་གྱི་རང་མཚང་ཕྱི་རུ་མངོན་པའི་སྐབས།།
སྙན་ངག་རྗུན་མ་ཆགས་པའི་གཏམ་རྒྱུད་ཡོད།།

དེ་ལྟར་སྙན་ངག་སྐོར་གྱི་གཏམ་རྒྱུད་དག
བྱང་ཁོག་སྦུག་ནས་ལམ་ལམ་དྲན་བཞིན་དུ།།
མདུན་གྱི་སྙུ་གུ་འགུལ་ཐེངས་ཁ་ཤས་ཀྱིས།།
འཕྲུལ་ཡིག་གཟུགས་སུ་བཞེངས་པའི་འབད་པ་བྱས།།
༢༠༡༤། ༡༠། ༡༧

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s